5/31/2017

རྫིང་བུ་དང་སྦལ་པ་ཕྲ་ཆུང་།

སྦལ་པ་ཁྲ་ཆུང་།
 མནའ་སྔ་མོ་མེ་ཏོག་གྲོང་ཚོ་ཞེས་པ་ཞིག་ཡོད། ལུང་པ་དེའི་མདོ་ལ་ཞིང་པ་དང་། ཕུ་ལ་སྤང་ལྗོངས་དང་། རྫིང་བུ། སྤང་རི། གངས་རི་བཅས་ཡོད། སྤང་སྟེང་དུ་སེར་ཆེན་མེ་ཏོག་དང་། འཇའ་སྐྱེད་མེ་ཏོག མེ་ཏོག་ཀུནྡ། མེ་ཏོག་ཀུ་མུད། གུར་ཀུམ་མེ་ཏོག་སོགས་སྐྱེས་པ་དང་། ད་དུང་རི་དྭགས་ཤ་བ་དང་། གོ་བ། རྐྱང་། རི་བོང་སོགས་རྩ་ཆུར་རོལ་བཞིན་ཡོད། སྤང་ལྗོངས་ཀྱི་གཡས་ཕྱོགས་སུ་རྫིང་བུ་ཞིག་ཡོད་ཅིང་། དེའི་ནང་རུས་སྦལ་དང་། སྦལ་པ། ཉ་ཆུང་། ཅུང་མོ། ངང་པ་སོགས་འཚོ་བཞིན་ཡོད་པ་དང་། དེའི་མཐའ་འཁོར་དུ་པདྨའི་མེ་ཏོག་སྐྱེས་ཡོད།
རྫིང་བུའི་ནང་སྦལ་པ་ཁྲ་ཆུང་ཞེས་པ་ཞིག་ཡོད། ཁོ་ནི་སྲོག་ཆགས་ཆུང་ཆུང་དེ་དག་གི་ནང་ནས་དབང་ཆེ་ཤོས་རེད། ཉིན་ལྟར་སྲོག་ཆགས་ཆུང་ཆུང་དེ་དག་གིས་རྔན་པ་ཞིམ་པ་རྣམས་སྦལ་པ་ཁྲ་ཆུང་ལ་སྤྲོད་དགོས། གལ་སྲིད་མ་སྤྲད་ན། ཁོས་རྡུང་གི་ཡོད། ད་དུང་ང་ནི་རྫིང་བུ་འདི་ཡི་རྒྱལ་པོ་ཡིན་པས། ཚང་མས་ངའི་བཀའ་ལ་ཉན་དགོས་ཞེས་འུར་ཤོབ་བཤད་ཀྱི་ཡོད།
ཉིན་ཞིག་ཞིང་པ་གཅིག་གིས་སེར་ཉ་ཆུང་ཆུང་ཞིག་རྫིང་བུ་དེ་ཡི་ནང་འཚེ་ཐར་བཏང་པ་རེད། སེར་ཉ་ཆུང་ཆུང་དེ་ཡིས་སོ་སོའི་སྲོག་ཐར་བ་དང་། དགའ་ཐག་ཆོད་ནས་ཆུ་སྐྱེལ་བཞིན་བཞད་བཏང་། སྐྱིད་པ་ལ། དགའ་བ་ལ། ཚེ་ཐར་ཐོབ་སོང་། བཀའ་དྲིན་ཆེ། བཀའ་དྲིན་ཆེ། སེམས་བཟང་གྱི་ཞིང་པ་ལགས། ་་་་་་་་་
དེའི་སྐབས་ཅུང་མ་གཅིག་གྲེལ་གྲེལ་ཚུབ་ཚུབ་ངང་སེར་ཉ་ཡི་འགྲམ་དུ་ཡོང་པ་དང་། ཤུད་་་་ཤུད་ཅེས་འབོད་བཞིན། ཝ་ཡེ། ཉ་སེར་པོ། ཁ་རོག་བསྡད་ན་ལེགས། ཞེས་བཤད།
སེར་ཉ་ཡིས། ངའི་མིང་ལ་སེར་ཉ་ལྷ་མོ་ཟེར། ཁྱོད་ཀྱི་མཚན་ལ་གང་ཟེར་ཞེས་བྲིས།ཅུང་མ་ཡིས། ངའི་མིང་ལ་ཅུང་མ་པད་ལྷ་ཟེར། ཁྱོད་ཀྱིས་རྫིང་བུ་འདིའི་སྒྲིག་ལམ་ཤེས་ཀྱི་མེད་པ་འདྲ་ཞེས་ཧང་སང་བའི་ངང་བཤད་ཞོར་ཕར་ཚུར་བལྟས་ནས་གཞན་མེད་པ་ཤེས་རྗེས། སྦལ་པ་ཁྲ་ཆུང་གི་སྤྱོད་ངན་རྣམས་རེ་རེ་བྱས་འགྲེལ་བཤད་བརྒྱབ།
དེ་དག་ངང་པས་གོ་བ་དང་། ཀོ་འག་་་ ཀོ་འག། ཅེས་སྐད་བརྒྱབ་པ་དང་། ཆུ་ཡི་ནང་མགོ་བཙུད་ནས། སེར་ཉ་ཆུང་ཆུང་ཁྱོད་རླུང་རྟ་བརྒྱུགས་འདུག། ད་ལྟ་སྦལ་པ་ཁྲ་ཆུང་པདྨའི་ལོ་མ་སྟེང་དུ་གཉིད་ལ་ཤོར་འདུག། དེ་མིན་ཁོའི་སྐད་གཅིག་པོས་ཁྱོད་རྡར་སིག་ཤོར་གྱི་རེད། ཁྱོད་མཉམ་ཆུང་བྱེད་མ་གཏོགས་སྦལ་པས་རྡུང་ཡོང་ཤེས་བཤད།
སེར་ཉ་ཆུང་ཆུང་དེས་སྦལ་པ་དེ་རྫིང་བུ་འདི་ནས་འབུད་ཐབས་མ་བྱས་ན་འགྲིག་པ་མི་འདུག་བསམས།
དེ་ནས། སེར་ཉས་ཅོག་ལགས། ཁྱེད་ཚོས་རུབ་བརྒྱབ་ནས་འབུད་ན་འགྲིག་གི་རེད་པ། ཞེས་བཤད།
ག་ནས་ག་ནས། ཁོ་ཤུགས་ཆེན་པོ་ཞེ་དྲག་ཡོད་རེད། ང་ཚོར་དེ་འདྲ་བྱེད་ནུས་པའི་བློ་ཁོག་ཀྱང་མེད། ཅེས་ཅུང་མས་བཤད།
སེར་ཉས་ཁྱོད་ཚོས་སྦལ་པ་ཁྲ་ཆུང་འབུད་འདོད་དམ། ཞེས་བྲིས།
ཅུང་མས། འདོད་དང་འདོད། ཡིན་ནའང་་་་།
སེར་ཉས་ཅུང་མའི་སྐད་ཆ་བཤད་མཚམས་བཅད་དེ་ངང་པ་ལ་ལྟ་བཞིན། ངང་པ་ལགས། ཁྱོད་ཀྱིས་ངང་པ་རོགས་པ་ཞིག་ཁྲིད་ཤོག་དང་། སྦལ་པ་སླེབས་སྐབས། སྦལ་པས་གང་བཤད་པ་ལྟར་བྱེད་ཨང་ཞེས་བཤད།
དེ་ནས་ཅུང་མ་ལ་ཁ་གཏད་ནས། ཅུང་མ་ལགས། སྦལ་པ་གཉིད་སད་དུ་རྒྱུག་ཅེས་ལབ་པ་དང་། དེ་རྗེས་སེར་ཉས་སྐད་ཤུགས་ཆེན་པོས། སྐྱིད་པོ་མི་འདུག། རྫིང་བུ་ཆུང་ཆུང་། སྐྱིད་པོ་མི་འདུག། རྫིང་བུ་ཆུང་ཆུང་། སྐྱིད་པོ་མི་འདུག་་་་་་ཅེས་བཞད་གཏོང་བཞིན་པའི་སྐབས།
ལྦལ་པ་ཁྲ་ཆུང་བསླེབས།
 སེར་ཉའི་འགྲམ་པར་འགྲམ་ལྕག་གཅིག་ཞུས་པས། སེར་ཉ་ཕར་ཙམ་ཐོར། སེར་ཉས་རིལ་གྲབ་རིལ་གྲབ་བྱེད་བཞིན་ང་ལ་བཞུ་མཁན་སུ་ཡིན་ཞེས་ཁོང་ཁྲོའི་ངང་བྲིས།
སྦལ་པས། ཀོར་་་ཀོར་ཞེས་ངར་སྐད་འདོན་བཞིན་ངས་བཞུས་ཡིན། ཉ་སེར་ཁྱོད་གང་ནས་ཡོང་ཡིན། ཧམ་པ་ཚ་མདོག་ཡོང་། ངའི་རྫིང་བུའི་ནང་ཡོང་བ་མ་ཚད་ངའི་སྡོད་ས་ལ་དམའ་འབེབ་ཀྱི་བཞད་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ཞེས་བྲིས་ཏེ། ཡང་བསྐྱར་ཞུ་བར་ཕྱིན་པས།
སེར་ཉས། ཨོ་འོ། རྒྱལ་པོ་སྦལ་པ་ལགས་རེད་འདུག། དགོང་པ་མ་འཚོམ། ང་ཁྱེད་གདན་འདྲེན་ཞུ་བར་ཡོང་ཡིན། ང་ཚོའི་རྒྱ་མཚོའི་ནང་གི་རྒྱལ་པོ་སྦལ་ཆེན་ལགས་ཀྱིས་ཁྱེད་ཁོང་གི་ཚ་བོ་ཡིན་པ་ཤེས་འདུག། བྱས་ཙང་། ང་ཁྱེད་བསུ་བར་ཡོང་ཡིན་ཞེས་བཤད།
སྦལ་པས། རྒྱ་མཚོ། སྦལ་ཆེན་ཞེས་ཆིག་ལབ་བརྒྱབ་རྗེས། ངང་པ་འབོད་ནས། རྒྱ་མཚོ་དང་སྦལ་ཆེན་ཟེར་ན་གང་རེད་ཅེས་བྲིས།
ངང་པས། ང་ཚོ་ཚང་དུ་ལོག་སྐབས། ང་ཚོའི་རྫིང་བུ་འདི་ལས་རྒྱ་ཆེ་བའི་རྫིང་བུ་ཞིག་འདུག། གཞན་གྱིས་ཟེར་ན། དེ་ནི་རྒྱ་མཚོ་རེད་དང་། དེའི་ནང་རྒྱ་པོ་ཁྱེད་རང་འདྲ་བ་ཆེན་པོ་ཞིག་ཡོད་པ་རེད་ཟེར། འོན་ཀྱང་། ངས་ཞིབ་ཕྲ་ཤེས་ཀྱི་མེད་ཞེས་ལན་བཏབ།
སྦལ་པས་ཏོག་ཙམ་ཁུ་སིམ་པོར་བསྡད་པ་དང་། དེ་ནས་སེར་ཉ་ལ་བྱས་ན། ང་ཁྱོད་ཚོའི་སྐུ་འགྲོན་ལ་གང་འདྲ་བྱས་ནས་འགྲོ་དགོས་ཞེས་བྲིས།
ཁྱེད་ཀྱི་ཆིབ་རྟ་གཞོན་ནས་ཕེབས་མཆོག་གི་རེད་ཅེས་བཤད། སྦལ་པས་ངའི་ཆིབ་རྟ་ཨས་ཞེས་ཡ་མཚན་པའི་རྣམ་གྱུར་བསྟན།
ངང་པས། སེར་ཉ་ལགས་ཀྱིས་ངེས་གཉིས་ལ་ཟེར་གྱི་ཡོད་བ་འདྲ། འོན་ཀྱང་་་་་ཞེས་བཤད་པ་དང་།
སེར་ཉས་མགོ་སྒུར་ཙམ་སྒུར་ཙམ་བྱེད་གཞོར་ངང་པ་གཉིས་ཀྱི་མཆུ་ཏོས་པདྨའི་ལོ་མའི་སྣེ་རེ་རེ་ནས་འཇུ་བཅུག།
དེ་ནས། རྒྱལ་པོ་ལགས། ཁྱེད་ཀྱི་བཞུགས་ཁྲིར་བཞུགས་དང་། ཁྱེད་ཀྱི་ཆིབ་རྟ་ངང་པས་ལམ་སེང་ཕེབས་སྐྱེལ་ཞུ་ཡི་རེད་ཅེས་བཤད།
སྦལ་པས། ཀོ་རོག་་་་་ཀོ་རོག་ཅེས་དགའ་བའི་རྣམ་གྱུར་སྟོན་བཞིན། སེར་ཉ་ལ་མཐེ་བོ་བསྟན་ནས། ཡག་པོ་འདུག། ཡག་པོ་ཞེ་དྲག་འདུག།
ཁྱོད་ཚོའི་རྒྱ་པོར་ཁྱོད་ལ་བྱ་དགའ་གནང་རོགས་ཞུས་མཆོག་ཅེས་བཤད་ནས་ལོ་མའི་སྟེང་མཆོངས་པ་དང་། ངང་པ་གཉིས་ཀྱིས་སྦལ་པ་སྟེགས་ནས་མཁའ་དབྱིངས་སུ་ཕུར་ཕྱིན།
གང་ཙམ་ནས་སྦལ་པས་གྲོང་མི་རྣམས་ཀྱིས་ཞིང་ཁ་ལ་ཆུ་གཏོང་བཞིན་པའི་ཆུ་ཡུར་ཆེ་པོ་དེ་དག་མཐོང་སྐབས། རྒྱ་མཚོ་དེ་འདྲའི་རིང་བ་ལ་ཨང་བསམ་ནས་མར་འབབ་འདོད་སྐྱེས་ཏེ། ངང་པ། ང་མར་ཕོབས་ཤིག་ཅེས་བཀའ་བཏང་པ་དང་། ངང་པ་གཉིས་ཆུ་ཡུར་ཞིག་གི་འགྲམ་དུ་བབས་ནས། ངང་པ་གཅིག་གིས་འདི་རྒྱ་མཚོའི་ཕྱི་སྒོ་རེད། རྒྱལ་པོ་ཁྱེད་འདི་ནས་ཕར་ཆུ་བསྐྱལ་དགོས། གང་ཙམ་ནས་རྒྱ་མཚོར་བསླེབ་ཀྱི་རེད། ངེས་གཉིས་འདི་ནས་ཕར་འགྲོ་མི་མཆོག། སང་ཉིན་ངེས་གཉིས་ཀྱིས་རྒྱལ་པོ་བསུ་བར་ཡོང་མཆོག་ཅེས་མཉམ་ཆུང་ངང་བཤད།
སང་ཉིན་ཕྱི་མ་དྲག་པར་ཤོག་ཨང་། ད་ཁྱོད་གཉིས་ལོག་རྒྱུགས་ཞེས་བཤད་ནས་ཆུ་ནང་མཆོངས་ནས་བསྐྱལ་ཕྱིན།
སྦལ་པས་ཉིན་གང་ཕྱིན་ཡང་། ཆུ་ཡུར་དང་འདག་དོང་ལས་གཞན་གང་ཡང་མེད་པས། འདག་བག་གིས་མགོ་ལུས་གང་ཚང་བཙོག་བཟོས་པ་མ་ཟད། གྲོད་ཁོག་ལྟོག་པ་དང་། ཐང་ཡང་ཆད། མཐར་སེར་ཉས་རང་ཉིད་ལ་མགོ་སྐོར་བཏང་བ་ཤེས་ཀྱང་བྱ་ཐབས་མེད་པར་ལྷག
དུས་དེ་ནས་བཟུང་། རྫིང་བུའི་ནང་གི་སྲག་ཆགས་ཆེ་ཆུང་རྣམས་འཆམ་མཐུན་ངང་གང་འགའ་གང་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད།
སེར་ཉ་ལྷ་མོ།

8/02/2016

རེ་སྒུག་ཟད་སོང་ག་ལེར་ཕེབས།

རེ་སྒུག་བཅོལ་ནས་རེ་ཐག་བཅངས་ཀྱང་ཐག་པ་ཐུང་བ་ཡིན་ནམ་ཡང་ན་རེ་བ་ཆེ་བ་ཡིན་ནམ། གང་ལྟར་རེ་སྒུག་ནི་ཉིན་མོའི་སྨིན་ལམ་བཞིན་མཇའ་ལྟར་ཡལ་སོང་། འོན་ཀྱང་ནུབ་ཕྱོགས་ནས་མཇའ་མཚོན་སྣ་བདུན་ཞིགལྷ་མེར་བཞད་ཡོངས་བ་ནི་རྩོག་དྲི་ཐུལ་བའི་རྩོག་པའི་མེ་ཏོག་ཅིག་རེད་འདུག

7/07/2016

གྲལ་ཟིན་གྱི་གྲོགས་མཆོག་ཅིག་ལ་ཕུལ།

ཁ་སྔོན་གྱི་སྤང་ལྗོངས་ན་མཆོངས་རྒྱུག་བྱས་ཤིང་།
ལངས་འཚོའི་འགེག་ཉམས་དང་སྦྲག་ཏེ་ཤེས་བྱིའི་བང་མཛོད་ན་ལྡབ་་གཤོགས་ངོམ་བཞིན་ཕྱིས།
འགོད་སྒྲ་དང་རྣམ་གཡེང་གི་ཞིང་ཁམས་སུ་ང་ཚོས་འཚོ་བཞིན། ཚོ་བ་ལ་རེ་བ་ཅི་ཡང་མེད་པར་འཕུགས་བསམ་གླེང་།
གསར་གཏོད་ཀྱི་བསམ་པ་དང་དཔྱད་ཤེས་ཀྱི་མདུན་སྤོའི་མཆོད་སེམས་མེད་ཀྱང་། དེ་ལ་ཡིད་དབང་འཕྲོག་སྟེ་སྐབས་འགའ་རེར་ལས་འདོད་ཀྱང་བྱས།

3/15/2016

ལོ་ངོ་ཉེར་ལྔའི་ནང་གི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དལ་ཤོས།

སྤྱི་ལོ་ ༢༠༡༦ ལོའི་ཟླ་ ༡ ཚེས་ ༡༩ ལ་བྷི་བྷི་སིའི་དྲ་ལམ་གྱི་ཚོང་ལས་ཚན་པར་གནས་ཚུལ་སྤེལ་གསལ་ལྟར་ན། ལོ་གོང་མའི་རྒྱ་ནག་གི་འཕེལ་རྒྱས་ཀྱི་བརྒྱ་ ༧.༣ དང་བསྡུར་ན། ༢༠༡༥ ལོའི་འཕེལ་རྒྱས་ཀྱི་བརྒྱ་ ༦.༩ ཡིན་པས། དུས་རབས་ཤིག་གི་བཞི་ཆ་གཅིག་ནང་འཕེལ་རྒྱས་དལ་ཤོས་དེ་ཆག་ཡོད།
རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ནི་གོ་ལའི་དཔལ་འབྱོར་གྱི་ཁ་ལོ་བ་ལྟ་བུར་སྣང་བར་སོང་། དེ་ནི་གོ་ལ་ཁྱོན་ཡོངས་ཀྱི་མ་འཛུགས་བྱེད་པོའི་གཞི་རྒྱ་ཆེ་བའི་ཚོང་དོན་ཁང་ཞིག་ཡིན།
གནས་ཚུལ་ལྟར་ན་རྒྱལ་སྤྱིའི་མ་དངུལ་ཐེབས་རྩས་འདི་ལོའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་བརྒྱ་ ༦.༣ དང་ ༢༠༡༧ ལོར་བརྒྱ་ ༦ ཡིན་པ་ཚོད་དཔག་བྱས་པ་བཤད་འདུག་ཀྱང་། རྒྱ་ནག་གི་གཞུ་འབྲེལ་དཔལ་འབྱོར་འཕེལ་རྒྱས་དམིགས་ཚད་ནི་བརྒྱ་ ༧ བཞག་ཡོད་འདུག།
རྒྱ་ནག་གི་སྲིད་བློན་ལི་ཁེ་ཁོང་གིས་ལས་ཀ་གསར་གཏོད་བྱས་ཡོད་པར་སོང་འཕེལ་རྒྱས་ཉམས་ཞན་དུ་འགྲོ་བ་ནི་ཡོངས་གྲགས་རེད་ཅེས་བཤད་ཡོད།
ཡིན་ན་ནའང་བརྟག་ཞིབ་པ་འགས་དོན་དངོས་ཀྱི་འཕེལ་རྒྱས་ནི་གཞུང་འབྲེལ་གྲངས་ཐོ་སྟོན་པ་ལས་ཀྱང་ཧ་ཅང་ཞན་པ་བཤད་ཡོད་རུང་རྒྱ་ནག་སྲིད་གཞུང་གིས་འཕར་ཆར་ཧེ་བག་ཕྱིན་ཡོད་པ་ངོས་ལེན་བྱེད་ཀྱི་མེད།
དབྱེ་ཞིབ་པས་འཕེལ་ཚད་གང་འདྲ་ཞིག་ཡིན་རུང་བརྒྱ་ཆ་ 6.8 ལས་དམའ་བ་དེས་དཔལ་འབྱོར་གྱི་གཡོ་འགུལ་ཇི་ཆེར་འགྲོ་རྒྱུའི་སྐུལ་སློང་བྱེད་སྲིད་ཅེས་བརྗོད་ཡོད། 

ཉེན་ཚབས་ཆེ་བའི་འབུད་འདེད།

བཅུ་ཕྲག་ཅིག་ལྷག་ཙམ་རིང་གི་འཕེལ་རྒྱས་མྱུར་བའི་བྱུང་རྐྱེན་ལས། རྒྱ་ནག་གི་དཔལ་འབྱོར་འདས་ལོ་གཉིས་ནང་ཤིན་ཏུ་ཉམས་ཞན་དུ་འགྲོ་ངེས་པ་བརྟན་ཡོད། དེ་ནི་ཡོང་ངེས་ཤིག་སྟེ་རྒྱ་ནག་དབུས་གཞུང་གིས་ཕྱིར་ཚོང་དང་མ་འཛུགས་ལ་ཁ་ལོ་བསྒྱུར་རྒྱུ་ལས་ལྡོག་སྟེ་ཉེར་སྤྱོད་དང་ཞབས་ཞུས་སྣེ་ཁྲིད་པའི་དཔལ་འབྱོར་གྱི་ཕྱོགས་སུ་བསྐྱོད་འདོད་པས་ཡིན། མ་ཟད་སྟངས་འཛིན་བྱེད་སྟངས་དེ་ནི་བརྒྱུད་རིམ་དཀའ་ཁག་ཏུ་འགྱུར་གྱིན་ཡོད་པ་རེད།
འགའ་ཞིག་གིས་རྒྱ་ནག་གི་ཉེར་སྤྱོད་བརྒྱུད་དཔལ་འབྱོར་གསར་གཏོད་ཐོག་གི་དམིགས་བེན་དེ་ནི་ནོར་འཁྲུལ་ཡིན་པར་གླེངས་ཀྱི་ཡོད། ཁོང་ཚོས་རྒྱལ་ཁབ་ཅིག་གིས་དེའི་དཔལ་འབྱོར་སླར་གསོ་འགོ་རྩོམ་པར། དེས་ཚད་མཐོའི་འཕེལ་རྒྱས་ཡུན་གནས་ཡོང་བར་གོ་རིམ་ལྡན་པའི་ཐོན་སྐྱེད་ཐོག་ལ་དམིགས་རྒྱང་འཛིན་དགོས་པ་བརྗོད།
ཇོན་ཀྲུཝུ་ (John Zhu) ཡིས་ཟིན་བྲིས་སུ་ཚད་མཐོའི་ཉེར་སྤྱོད་གྱིས་དུས་ཐུང་འཕེལ་རྒྱས་ལ་འཚོ་གོས་སྦྱོར་བར་སོང་། འཕེལ་རྒྱས་ཀྱི་ཁ་ལོ་བ་ཞིག་ལ་མཚོན་ན་རྒྱལ་ནང་ཐོན་བསྐྱེད་རྩ་འབོར་གྱི་འགྲོ་འགྲོན་ཕྱོགས་སུ་དོ་ནན་བྱེད་པ་དེ་ནི་དཔལ་འབྱོར་རིག་པའི་རྣམ་བཞག་རྩ་བ་ནས་མེད་པ་བཤད་ཡོད། ཁོང་གིས་རྒྱ་ནག་གི་ད་ལྟའི་གནས་བབ་ཀྱི་ཡར་རྒྱས་ལ་མ་འཛུགས་གང་མང་ངེས་པར་འཇོག་དགོས་ལ། དེའང་མ་ཉུང་བ་ཞིག་བྱུང་ན། དེས་དུས་ཐོག་ཏུ་རྒྱལ་ཁབ་ཀྱིས་ཉེར་སྤྱོད་དང་ཞབས་ཞུ་སླད་དོ་སྙམ་རང་བཞིན་གྱིས་བཟོ་ཐུབ་ངེས་ཅེས་དང་། ཡང་ཁོང་གིས་འབུད་ལམ་འདི་འདྲ་ཁོོ་ནར་དཔལ་འབྱོར་འབུད་འདེད་བྱེད་པ་ནི་མི་རིང་བར་ཉེན་ཚབས་འཕྲད་ངེས་རེད་ཅེས་བཤད་འདུག དེས་དོན་སྙིང་མེད་པའི་དཔའ་འབྱོར་ཁྲོམ་རྭ་ཞིག་ཏུ་འགྱུར་རྒྱུའི་དྲན་སྐུལ་ཡང་ཡང་བྱས་ཡོད་པ་རེད་དེ། རྒྱ་ནག་ལ་ཧབ་སྤྲིད་རྒྱག་སྐབས། རྒྱལ་ཁབ་གཞན་ལའང་ཆམ་ནད་བགོ་རྒྱུ་ཡིན་པ་དེ་རེད།

ལོ་སྔོན་མར་རྒྱ་ནག་གྱི་མ་སྐང་ཁྲོམ་རྭར་བརྡབ་སིག་བྱུང་བའི་གཏམ་བརྗོད་དེས་མ་འཛུགས་པའི་འདུ་ཤེས་ལ་ཤུགས་རྐྱེན་ཐེབ་ཡོད་ཅིང་། དེ་རིང་གི་ཕྱིར་བསྒྲགས་གྲངས་ཐོས་གནད་དོན་ལེགས་བཅོས་གཏོང་བར་ངེས་པ་མེད་པ་མ་ཟད། ཁ་གསང་པོར་བཤད་ན་གསར་འགྱུར་དེས་རྒྱ་ནག་ཉམས་ཞན་དུ་འགྲོ་བ་ནི་གློ་བུར་དུ་འབྱུང་བ་ཞིག་མིན་པ་བསྟན་ཡོད།
ཉེར་སྤྱོད་དང་ཞབས་ཞུའི་ཐོག་གཞུང་སྐྱོང་མ་འཛུགས་དང་དཔལ་འབྱོར་བཟོ་སྐྲུན་གྱི་གཞན་བརྟེན་ཕར་མ་ཞིག་གི་རྐྱེན་པས་འཕོ་འགྱུར་འགོ་རྩམ་པར་བརྟེན་གཞུང་གིས་འདི་དུས་ཡུན་གང་འཚམས་ནས་རྒྱང་བསྲིང་བྱེད་ཀྱིན་ཡོད། ད་ལྟ་སྣང་ཚུལ་འདི་གཉིས་ཀྱིས་ ༢༠༡༤ ལོའི་དཔལ་འབྱོར་གྱི་བརྒྱ་ ༤༨.༥ ནས་བརྒྱ་ཆ་ ༥༠.༥ ལ་ཟིན་གྱི་ཡོད།
འོན་ཀྱང་། ཨང་ཀི་འདི་དག་ལ་ཡིད་ཆེས་གཙང་མ་བྱེད་རུང་མ་རུང་གང་ལྟར་ཡང་། དངོས་ཡོད་ཀྱི་སེམས་འཚབ་ནི་མ་འོངས་པར་རྒྱ་ནག་གི་དཔལ་འབྱོར་ཇི་ལྟར་ཐབས་སྡུག་ཏུ་འགྲོ་སྲིད་པ་དེ་རེད།
དཔྱད་ཞིབ་པ་འགས་རྒྱ་ནག་གི་གྲངས་ཐོ་ནི་བློས་འགེལ་མི་ཐུབ་པ་ཞིག་སྟེ། འཕེལ་རྒྱས་ཀྱི་གྲངས་དངོས་ནི་དེ་ལས་ཧ་ཅང་ཞན་པ་ཡིན་སྲིད་ཅེས་བཤད་ཀྱི་ཡོད།
ཉེ་ཆར་མངའ་སྡེའི་དཔལ་འབྱོར་གྱི་གྲངས་ཐོས་སྲིད་གཞུང་གིས་བཤད་པ་དེ་ལས་ཀྱང་འཕེལ་ཚད་ཧ་ཅང་དམའ་བ་བསྟན་འདུག་པ་དེ་རེད།

བཞུར་བ་མིན།


དཔྱད་ཞིབ་པས་འཕེལ་ཚད་ཀྱི་བརྒྱ་ཆ་ ༦.༨ ལས་དམའ་བ་ནི་མེ་མདག་གི་ངར་ཤུགས་ཇི་ཆེར་གཏོང་བ་དང་འདྲ་ཞེས་བཤད་ཡོད།
 རྒྱ་ནག་གི་ལོ་འཁོར་དཔལ་འབྱོར་འཕེལ་ཚད་གྱི་གྲངས་ནི་རྒྱལ་ཁབ་གཞན་རྣམས་ལས་གལ་ཆེ་བ་ཙམ་མ་ཟད་ཟླ་རེའི་དཔལ་འབྱོར་གྲངས་ཐོའང་དེ་བཞིན་ཆགས་ཀྱི་ཡོད་དེ། ཁོང་ཚོས་དཔལ་འབྱོར་གྱི་གནས་ཚད་ལ་ཞིབ་ཚགས་ཙམ་བལྟ་རྒྱུ་དང་དེའི་ཁ་ཕྱོགས་གང་དུ་གཏད་ཀྱིན་པའི་གནད་ཚུལ་མཁོ་སྤྲོད་བྱེད་ཐུབ།
རྒྱ་ནག་གི་རེ་གཟའ་མིག་དམར་ལ་འགྲེམ་སྤེལ་བྱས་པའི་ཟླ་རེའི་བཟོ་ལས་ཐོན་བསྐྱེད་དང་སིལ་ཚོང་གི་གྲངས་ཚད་དང་ཕྱི་ཟླ་༡༢ནང་བསྒྲགས་པའི་གྲངས་གཉིས་ཀར་བསམ་ཚོད་བྱས་པ་ལས་ཕྲན་བུའི་ཞན་དུ་ཕྱིན་ཡོད།
ཕྱི་ཟླ་༡༡ གི་བཟོ་ལས་ཐོན་བསྐྱེད་དམ་ཕྱིར་བཙོང་ཟོག་རྒྱ་བསྐྱེད་བྱུང་བའི་བརྒྱ་ཆ་ ༦ ནས་ཕྱི་ཟླ་ ༡༢ གི་བརྒྱ་ཆ་ ༥.༩ ལ་མར་ཟགས་ཡོད། དེ་བཞིན་ཕྱི་ཟླ་༡༡ གི་སིལ་ཚོང་འཕེལ་ཚད་བརྒྱ་ཆ་ ༡༡.༣ ནས་ ༡༡.༡ ལ་ཟགས་ཡོད།
ངལ་རྩོལ་ཁྲོམ་རྭ་དང་སིལ་ཚོང་། བཟོ་ལས་ཐོན་བསྐྱེད་བཅས་ནི་འཕེལ་རྒྱས་ཀྱི་བརྡ་མཚོན་གྱི་ལྡེ་མིག་རེད་ཅེས་ཁེ་ཐོ་རན་ ཡུང་གིས་རྒྱལ་སྤྱིའི་ཚོང་དོན་ལྟ་རྟོགས་ཚོགས་པའི་སྒྲག་གཏམ་ཞིག་ཏུ་བཤད་ཡོད། དཔལ་འབྱོར་གྲངས་ཐོ་གང་འདྲ་ཞིག་ཡིན་རུང་གསར་གནས་འགོ་བརྗོད་ཇི་ཡིན་ལ་མ་གཏོད་པར་དེ་དག་ཁ་ལོ་སྒྱུར་བར་བྱེད་པའི་གླེང་གཞི་དང་འཕེལ་ཕྱོགས་དེ་ལ་བལྟ་རྒྱུ་གལ་ཆེན་པོ་ཡིན། ཁྱེད་ཚོས་རྒྱ་ནག་ལ་དྭངས་ཤེལ་འདིས་བརྒྱུད་ལྟ་སྐབས། ཉམས་ཞན་དུ་འགྲོ་བ་མཐོང་བ་ལས་བཞུར་བ་མཐོང་གིན་མེད་པ་དེ་རེད་ཅེས་ཁོང་མོས་མུ་མཐུད་བཤད་ཡོད།
གཞན་འགས་རེ་གཟའ་མིག་དམར་གྱི་གྲངས་ཚད་དེ་ནི་ངོ་མ་བྱས་ན་ངལ་སེལ་ཞིག་རེད་ཅེས་བརྗོད་ཀྱི་ཡོད།
དཔལ་འབྱོར་རིག་པ་ཀྲོའོ་ནི་ནེ་ཤི་ (Tony Nash) ཡིས་རྒྱ་སྤྱིའི་མ་དངུལ་ཐེབ་རྩས་ཚོད་དཔག་བྱས་པ་ཐེ་བའི་གཞན་མང་པོར་རྒྱལ་ནང་ཐོན་བསྐྱེད་རྩ་འབོར་སྤྱིར་བཏང་བྱས་ན་གྲངས་ཐིག་ནང་ཡོད་རེད་ཅེས་དང་། ཡང་ཁོང་གིས་རྒྱ་ནག་གི་༢༠༡༥ལོའི་འཕེལ་རྒྱས་ནི་སྭོ་ཛར་ལན་ཌའམ་སའོ་ཌི་ཨ་རབ་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་རྒྱ་ཁྱོན་དང་འདྲ་མཚུངས་རེད། དེ་ནི་ལས་སླ་པོར་བཟོད་བསྲན་བྱེད་ཐབས་གྲལ་བ་ཞིག་རེད་ལ། དེས་ལེགས་འགྲུབ་ཀྱི་གལ་གནད་སྟན་གྱི་ཡོད་ཅེས་ཕྱོགས་བསྡོམ་བྱས་ཡོད།


དབྱིན་ཡིག་དྲ་ལམ།   http://www.bbc.com/news/business-35349576

8/02/2015

གངས་འཁྱག་དང་རེ་སྒུག

གངས་འཁྱག་དང་རེ་སྒུག
འཆར་པ་ཤར་ཤར་དུ་འབབ་ཀྱིན་པའི་གཡར་དཀྱིལ་ལ་སླེབས་ཟིན་ཀྱང
གངས་འཁྱག་ཏུ་འཐིམ་སྟེ་་རྡོ་རྗེ་ཕ་ལམ་ལྟར་གྱུར་བའི་སེམས་པ་ད་དུང་སྡར་སིག་སིག་གིས་འཁྱག་རོམ་གྱི་དབུས་ན་ཅི་ཞིག་ལ་རེ་སྒུག་བྱེད་ཅིང
གངས་ལྷ་མོའི་ཐེའུ་འཁྱག་རོམ་གྱི་སེར་སྲུབས་ལས་འབུར་ཙམ་སྔོན་ཡོང་བས་ མགྱོགས་མྱུར་བརྩེ་དང་གི་ཚ་རླབས་ཤིག་འཕྱུར་ཏེ་དུས་བཞི་གཡོ་བ་མེད་པའི་འཁྱག་ རོམ་ལ་དྲོད་འཇམ་གྱི་ས་བོན་རྒྱས་པར་རེ་སྒུག་བྱེད
ལུས་ཟུངས་ཤིན་ཏུ་ཞན་པའི་ཐེའུ་དེས་རང་ཉིད་ལ་སྟོབས་ཤུགས་ཆེ་སྙམས་ཀྱིས་སྡར་ སིག་སིག་གི་སེམས་པ་དེར་དྲོད་ཁུལ་བྱིན་ཐབས་བྱེད་ལ་སྐབས་རེ་དེས་ཕྱེས་བཟོད་ དཀའི་ངལ་བ་དེ་ནི་ངེས་གཉིས་ཀྱི་ཚེ་སྔོན་བསྐོས་ཐང་ཞིག་ཡིན་པ་སེམས་གསོ་བྱེད་ ཁུལ་བྱེད
སྐབས་རེ་མ་འོངས་པའི་གདོང་ལེན་བྱེད་ནུས་ཀྱི་སྟབས་ཤུགས་ཞིག་ཡིན་པའི་རེ་བ་སྤྲོད།

བ་མཁར།

ཀོབ་ལོ་ནིཡའི་(Cobblonia)བ་མོ་རྣམས་ནི་ས་རྒྱ་ཆེན་པོ་ཞིག་ཏུ་གནས་ཡོད། ས་ཆ་འདི་ནི་སྔོན་ལྗང་གི་རྩས་ཕུན་སུམ་ཚོགས་པར་ཁྱབ་ཅིང་། ཕྱོགས་གསུམ་པོར་ཆུ་ཕྲན་གྱིས་བསྐོར་བ་དང་ཤར་ངོས་སུ་བྲག་རི་ཞིག་ཡོད།
བྲག་རིའི་ཡངས་སྟེང་དུ་བ་མོ་ཧ་ཅང་གི་བློ་གྲོས་ཅན་ཞིག་བསྡད་ཀྱི་ཡོད། མོའི་མིང་ལ་མ་མུ་མཱི་ཅེས་ཟེར། དེ་ནི་ཀོབ་ལོ་ནི་ཡའི་མནའ་བོའི་སྐད་དུ་བློ་གྲོས་ཅན་ལ་ཟེར། བློ་གྲོས་ཅན་དེ་བྲག་ཕུག་ཞིག་ནང་གནས་ཤིང་། ཉིན་གང་ཁུ་སིམ་ངང་བསྡད་ཀྱི་ཡོད། བ་མོ་གཞན་སུས་ཀྱང་མོའི་སྐོར་དེ་འཚམས་ཤེས་ཀྱི་མེད་ལ། གཅིག་གིས་མ་གཏོགས་སུས་ཀྱང་མོའི་སྐོར་དྲིས་མྱོང་མེད་པ་རེད།
མོའི་མིང་ལ་རན་ཌི་ཟེར་ཡང་། གཞན་ཚང་མས་མོ་ལ་མུཀ་ཁ་མུ་མི་ཞེས་འབོད་ཀྱི་ཡོད་ཅིང་། དེ་ནི་བསུན་འཇུག་མཁན་ཞེས་པའི་དོན་ཡིན།

རན་ཌིས་དྲི་བ་གཏོང་འཚམས་རྩ་བ་ནས་བཞག་གི་མེད།
མོས་ཞོགས་ལྟར་དྲི་བ་གསར་པ་ཡོད་པའི་ཐོག་ནས་ལང་ཡོང་གི་ཡོད།
མོས་ཕར། ནམ་མཁའ་ཅིའི་ཕྱིར་སྔོན་པོ་ཡིན་ནམ། ཞེས་དྲིས།
རན་ཌི་ཡི་ཕས། སུས་ཀྱང་ཤེས་ཀྱི་མེད། ཅེས་ལན་བཏབ།
བྱས་ན་ང་ཚོས་དེ་སང་ཉིན་ཁ་མདོག་མུ་མན་ལ་མི་འགྱུར་བ་ཇི་ལྟར་ཤེས་སམ། ཞེས་མུ་མཐུད་དྲིས།
1མོའི་ཕས། རན་ཌི། ངས་ཁྱོད་ཀྱི་དྲི་བར་ཉིན་གང་དུས་ཚོད་གཏང་ཐུབ་པ་མིན་འདུག ཁྱོད་རང་ཆུ་ཕྲན་ནང་རྩེད་མོ་རྩེད་བར་མི་འགྲོ་བ་ཅི་ཡིན། ཞེས་བཤད།
མོས་དེ་ལྟར་བྱས།

ཉིན་རྗེས་མར་རན་ཌིས་ཨ་མར། རྩ་གང་འདྲ་བྱས་ཏེ་སྐྱེད་ཀྱི་ཡོད་དམ། ཞེས་དྲིས།
རན་ཌི་ཡི་ཨ་མས། སུས་ཀྱང་ཤེས་ཀྱི་མེད། ཅེས་ཟེར།
བྱས་ན་ཁྱེད་ཀྱིས་དེ་རྒྱུན་མཐུད་ཀྱིས་སྐྱེད་ཀྱིན་པ་ཇི་ལྟར་ཤེས་སམ། ཞེས་རན་ཌིས་མུ་མཐུད་དྲིས།
རན་ཌི། ང་ལ་ལས་བྲེལ་ཡོད། ཆུ་ཕྲན་ནང་རྩེ་བར་རྒྱུག ཅེས་ཨ་མས་ཟེར་བ་དང་། མོས་དེ་ལྟར་བྱས།

བློ་གྲོས་ཅན་བྲག་རིའི་ཡངས་སྟེང་དུ་ཇི་ལྟར་བསླེབས་སམ། ཞེས་རན་ཌིས་བ་རྒན་ཞིག་ལ་དྲིས།
སུས་ཀྱང་ཤེས་ཀྱི་མེད། ཅེས་བ་རྒན་གྱིས་ལན་བཏབ།
དེེས་ན་ཇི་ལྟར།་་་་་་དགོངས་པ་མ་ཚོམ། ང་ཆུ་ཕྲན་ནང་རྩེད་མོ་རྩེ་བར་འགྲོ་གི་ཡིན། ཞེས་རན་ཌིས་བཤད།
བ་རྒན་གྱིས་མགོ་ལྕོག་ཙམ་བྱས།
དུས་དེ་ནས་བཟུང་། རན་ཌི་ལ་མུཀ་ཁ་མུ་མི་མ་ན་ཞེས་འབོད་འགོ་བཙུགས། དེ་ནི་ཆུ་རྐྱལ་ལ་མཁས་པའི་བསུན་གཙེར་ཅན་ཞེས་པའི་དོན་ཡིན།
རན་ཌིས་སུས་ཀྱང་ངའི་དྲི་བར་ལན་འདེབས་ཐུབ་ཀྱི་མིན་འདུག། ང་ཉིན་ལྟར་ཆུ་ཕྲན་ནང་རྩེ་འདོད་མིན་འདུག། ང་བྱ་དངོས་ཁག་ལ་སྦྱང་འདོད་ཡོད། ངས་བློ་གྲོས་ཅན་ལྟར་རྟོགས་འདོད། ང་ཁོང་ལ་སྐད་ཆ་བཤད་ངེས་ཡིན་བསྙམས།
རན་ཌིས་བློ་གྲོས་ཅན་ཐུག་པར་བྲག་སྟེང་དུ་ཇི་ལྟར་འབྱོར་རྒྱུར་ཐབས་ཤེས་ཡུན་ རིང་བཏང་། མོས་བ་མོ་གཞན་རྣམས་ཆུ་ཕྲན་ནང་ཆུ་རྐྱལ་རྒྱག་གིན་པ་དང་། བེའུ་རྣམས་རྩེད་ཁང་ལ་རྩེད་མོ་རྩེདཀྱིན་པ། བ་རྒན་རྣམས་བྷ་ཇོང་རྩེད་ཀྱིན་པ་བཅས་ལ་བལྟས་ཀྱི་ཡོད། (Bajong-བྷ་ཇོང་ཞེས་པ་ནི་རྩེད་མོ་མིག་མང་དང་འདྲའང་དེ་ལས་ཀྱང་དཀའ་བ་ཡོད། བ་མོས་ཁྱོད་ལ་བྷ་ཇོང་རྩེད་མོའི་དོ་ཟླར་ནམ་ལང་ཡང་། ཁས་མ་བླངས་ན་ལེགས་ཀྱི་རེད།)
རན་ཌིས་འཆར་གཞི་ཞིག་དྲན་ཏེ་བ་མོ་ཚང་མ་ཐང་གཤོང་དུ་འདུ་འཛོམས་ལ་འབོད་འགུག་བྱས་པ་རེད།
2མོས། ངས་བློ་གྲོས་ཅན་ལྷན་དུ་སྐད་ཆ་བཤད་རྒྱུར་ཐག་བཅད་པ་ཡིན། དེ་ན་ང་ལ་མཐར་ངའི་དྲི་བ་ཚང་མའི་ལན་རྙེད་སྲིད། ཁྱེད་རྣམས་ཀྱིས་ང་ལ་རོགས་བྱ་རྒྱུ་ཡིན་ནམ། ཞེས་དྲིས།

བ་མོ་ཚང་འཛོམས་ཀྱིས་ཁོ་ཚོ་ནང་ཁུལ་མུ་མུར་གྱི་ཡུད་ཙམ་བསྡད་རྗེས་གྲོས་མཐུན་ལ་མོས་པའི་སྐད་བཟང་བརྒྱབ། རན་ཌིས་ཉིན་ལྟར་དྲི་བ་དྲིས་པར་ཁོང་ཚོ་ཡིད་ཐང་ཆད་ཡོད་པ་རེད།
ང་ཚོས་ཁྱོད་ལ་དགོས་མཁོ་གང་དུ་མཆིས་ཀྱང་རོགས་བྱ་གི་ཡིན། ཞེས་བ་རྒན་ཞིག་གིས་སྐད་བརྒྱབ།
རན་ཌིས་དེ་མ་ཐག་ཏུ་འགོ་བཙུགས། མོས་མོ་རང་གི་ཕར་བྲག་རིའི་ཞབས་སུ་ལང་བཅུག་པ་དང་། དེ་ནས་མོའི་ཨ་མ་ཡར་འཛེགས་ཏེ་ཕའི་སྒང་དུ་ལང་བཅུག། དེ་རྗེས་བ་མོ་གཞན་ཞིག་ཡར་འཛེགས་ཏེ་ཨ་མའི་སྒང་དུ་ལང་བཅུག། ཡང་བ་མོ་གཞན་ཞིག་ཡར་འཛེགས་ཏེ་དེའི་སྒང་དུ་ལང་བཅུག། དེ་ལྟར་མུ་མཐུད་པས་ཀོབ་ལོ་ཎིཡའི་བ་མོ་ཚང་མ་ཡར་འཛེགས་ཟིན་ཏེ། རན་ཌི་ཁོ་ན་མཐིལ་དུ་ལྷགས།
ཁོ་ཚོས་འཛམ་གླིང་ནང་བ་མཁར་རིང་ཤོས་བརྩེགས་པ་རེད།
རན་ཌིས་བ་མོ་གཅིག་རྗེས་གཉིས་རྗེས་ཀྱིས་མཁཪ་གི་ཡང་རྩེར་མ་བསླེབས་བར་ག་ ལེར་འཛེགས། མོ་བྲག་རྩེར་འཇུ་ཐུབས་ཚོད་ཀྱི་འཚམས་དེར་མཁར་རླུང་གིས་རྒྱབ་མདུན་ལ་འགུལ་འགོ་ བཙུགས། མཁར་རྒྱབ་མདུན་ལ་འགུལ་བར་བརྟེན་རན་ཌི་ལ་བྲག་རྩེར་མཆོངས་རྒྱུ་ལས་ཐབས་མེད་པར་ སོང་། མོས་དེ་ལྟར་བྱས་མ་ཐག་མཁར་ཉིལ་འགོ་བཙུགས་པ་དང་བ་མོ་རྣམས་གཅིག་ཐོག་གཅིག་ བརྩེགས་ཀྱིས་ལྷུང། རང་ཌི་ཡིས་མཆོངས་ཐུབ་པ་རེད།
བ་མོ་ཚང་མ་མཐིལ་དུ་ཐལ་བྲེལ་ཐེབས་སྐབས་སུ། ཪན་ཌིས་བྲག་ཕུག་ཕྱོགས་སུ་བཞུད་སོང་། མོས་བློ་གྲོས་ཅན་གྱིས་ཇ་ཧུབ་འཐུང་བྱེད་ཀྱིན་པ་མཐོང་།
ཝེ་ཡཱ། ཇ་ཕོར་བ་གང་འཐུང་ངམ། ཞེས་བློ་གྲོས་ཅན་གྱིས་དྲིས།
མིན། ཐུགས་རྗེ་ཆེ། ང་རང་གི་དྲི་བ་ཚང་མར་ལན་ལོན་པར་འོང་བ་ཡིན། ཞེས་རན་ཌི་ཡིས་ལན་བཏབ།
བློ་གྲོས་ཅན་གྱི་བ་མོ་དེས་ཇར་ཧུབ་ཅིག་བརྒྱབ་སྟེ།
ངས་དྲི་བ་གཅིག་རང་ལ་ལན་བརྒྱབ་ཀྱི་ཡིན། ཞེས་བཤད།
རན་ཌེས་དེར་ཡིད་མ་ཆེས་པར། དྲི་བ་གཅིག། མོར་དྲི་འདོད་པའི་དྲི་བ་ཧ་ཅང་མང་པོ་ཡོད་ཀྱང་། མོས་དྲི་བ་གཅིག་རང་བཟོ་དགོས་ངེས་ལ་སོང་། དེ་ནི་མོས་བསམས་པའི་དྲི་བ་གལ་གནས་ཆེ་ཤོས་ཡིན་དགོས་གཤིས། མོར་འཛམ་གླིང་ནང་གིས་བྱ་དངོས་གང་ལས་ཤེས་འདོད་པ་ཆེ་ཤོས་དེ་གང་ཡིན་ནམ།
རན་ཌིས་ག་རེ་འདྲི་དགོས་ཤེས་པ་རེད། དེ་ནི་འཛམ་གླིང་ནང་གི་བ་མོ་བློ་གྲོས་ཆེ་ཤོས་ཀྱིས་ལན་འདེབས་ནུས་པ་ཞིག་ཡིན།
ངས་རང་གི་ལས་དབང་ཇི་ལྟར་འཚོལ་དགོས་སམ། ཞེས་རན་ཌིས་དྲིས།
བློ་གྲོས་ཅན་གྱིས་ཇ་ཕོར་མར་བཞག་པ་དང་རན་ཌི་ལ་བལྟས་ནས་འཛུམ་ཙམ་བྱས་ཏེ། མཆོག་ཏུ་གྱུར་པའི་དྲི་བ་ཞིག་རེད། ཚིག་”འགྲོ་ཡུལ་” ཞེས་པ་ནི་”ལས་དབང་” ལས་ཡོང་བ་དང་། ལན་ཞིབ་ཕྲ་ཚུད་ཡོད། ཁྱོད་རང་ད་ལྟ་བྲག་རི་ཧ་ཅང་མཐོ་པོ་ཞིག་གི་སྟེང་དུ་སྡོད་བཞིན་ཡོད། དེ་ཁྱོད་ཀྱི་མཐར་ཐུག་རེད། འོན་ཀྱང་། ཁྱོད་རང་ཇི་ལྟར་བསླེབས་སམ། གོམ་པ་དང་པོ་དེ་ག་རེ་རེད་དམ། ཞེས་དྲིས།
ང་ལ་ལན་ཅི་ཡང་མ་རྙེད་པར་ཡིད་ཐང་ཆད་སོང་བར་བརྟེན་ང་འདིར་འཛེགས་ཡོང་བ་ཡིན། ཞེས་རན་ཌིས་བཤད།
གོམ་པ་དང་པོ་ནི་ང་འཕྲད་པར་ཡོང་རྒྱུའི་ཐག་གཅོད་དེ་རེད། འགྲོ་ཡུལ་དུ་འབྱོར་རྒྱུའི་གོམ་པ་དང་པོ་ནི་དེར་འགྲོ་བར་ཐག་གཅོད་ཞིག་ཡོད། འདི་ལ་འདམ་ག་ཟེར། དེ་རྗེས་ཁྱོད་ཀྱིས་ག་རེ་བྱས་སམ།
ངས་བ་མོ་ཚོར་ང་ལ་མཁར་ཞིག་བཙིགས་རོགས་བྱེད་རྒྱུའི་རེ་སྐུལ་ཞུས་པ་ཡིན། འོན་ཀྱང་ངས་ཁོ་ཚོས་རོགས་བྱས་པའི་རྒྱུ་རྐྱེན་ཁོ་ན་ནི་ངའི་དྲི་བར་མ་དགའ་བ་ སོང་ཙང་རེད་བསམ་གྱིས། ཞེས་རན་ཌིས་ལན་བཏབ།
བློ་གྲོས་ཅན་གྱིས། ཕལ་ཆེར་ཡིན་སྲིད། ཁྱོད་ཀྱིས་དྲིས་པའི་དྲི་བས་བ་མོ་གཞན་རྣམས་ལ་རོགས་བྱེད་སེམས་བསྐྲུན་པ། གང་ལྟར་ཁྱོད་ཀྱིས་རྟོགས་རུང་མ་རྟོགས་རུང། ཁྱོད་རང་གི་འབད་བརྩོན་ལ་བརྟེན་ཏེ་ཁྱོད་ཀྱིས་ཧ་ཅང་མཐོན་པོར་འཛེགས་ཐུབ་ཡོད། འདི་ལ་ལས་འགན་ཟེར། དེ་བཞིན་མཐའ་མའི་གོམ་པ། ཞེས་དྲིས།
རེད་ཡ། ངས་ཡར་འཛེགས་མ་ཐག་མཁར་མ་འགྲིལ་གོང་བྲག་སྟེང་དུ་མཆོངས་བ་ཡིན། ཡིན་ནའང་ངས་ཇི་ལྟར་བྱས་པ་མཐོང་མ་སོང་།་་་་
བློ་གྲོས་ཅན་དེས་སྐད་ཆའི་བར་བཙངས་སྟེ། འདི་ལ་འཕར་མཆོང་ཟེར། དེར་མ་ཟད་ཅི་ཡང་མེད་པར་འབྱོར་བ་ནི་འགྲོ་ཡུལ་ལ་རིན་ཐང་མེད། འདམ་ག་དང་། ལས་འགན། འཕར་མཆོང་། དེ་དག་ནི་ཁྱོད་ཁྱོད་རང་གི་འགྲོ་ཡུལ་ལ་ཇི་ལྟར་འབྱོར་བྱེད་དེ་རེད་ལ། དེ་དག་ནི་ཁྱོད་ཁྱོད་རང་གི་ལས་དབང་ཇི་ལྟར་རྙེད་བྱེད་རེད། མ་ཟད་ངས་སྔོན་དུ་བརྗོད་ཟིན་པ་བཞིན། ཁྱོད་ད་ལྟ་འདིར་སྡོད་ཀྱིན་པ་སོང་། ཁྱོད་ཀྱིས་ང་ལ་སང་ཉིན་དྲི་བ་གཞན་འདྲི་ཆོག་གི་རེད། ད་ལྟ་ང་གཉིས་ཇ་འཐུང་། ཞེས་བཤད།
ཉིན་དེར་རན་ཌིས་བློ་གྲོས་ཅན་ལ་མོ་རང་གི་བློར་ཡོད་པའི་དྲི་བ་ཆ་ཚང་དྲིས།
དེ་ལྟར་ལོ་མང་མུ་མཐུད་དེ་མཐར་ཉིན་ཞིག་རན་ཌི་གཉིད་སད་སྐབས། བླ་གྲོས་ཅན་བཞུད་ཟིན།
རན་ཌི་བྲག་རྩེར་གནས་ཤིང། བྲག་ཕུག་ཏུ་འཚོ་བཞིན་པ་དེ་ལྟར། བློ་གྲོས་ཅན་ཞེས་དམའ་སའི་བ་མོ་ཚང་མས་ངོས་འཛིན་བར་གྱུར། བ་མོ་ཆུང་ཆུང་ཆུ་རྐྱལ་ལ་ཤིན་ཏུ་མཁས་པར་གྱུར་བ་གཅིག་གིས་མ་གཏོགས་་་
སུས་ཀྱང་མོའི་སྐོར་ཤེས་ཀྱི་མེད་ལ། སུས་ཀྱང་མོའི་སྐོར་དྲིས་མེད།

ཁྱི་སྤྱང་སྔོན་པོ།

ཐེངས་ཤིག་ནགས་ཚལ་ཞིག་ནང་ཁྱི་སྤྱང་གི་མིང་ལ་ཁ་ཁུ་ཌར་མ་ཞེས་ཤིག་ཡོད། ཉིན་གཅིག། ཁ་ཁུ་ཌར་མ་གྲོད་པ་ལྟོགས་ཐག་ཆོད་ནས། གྲོང་ཚོའི་ཉེ་འཁོར་དུ་ཟས་འཚོལ་བར་ཕྱིན། ཁོ་གྲོད་པ་ཧ་ཅང་ལྟོགས་པ་རེད། སྟབས་མ་ལེགས་པ་ཞིག་ལ། ཁོ་ལ་ཁྱི་ཁྱུ་ཞིག་ཐུག་པ་དང་། ཁྱི་དེ་དག་གིས་རྗེས་འདེད་གཏོང་འགོ་བཙུགས། ཁོ་ཞེད་སྣང་སྐྱེད་དེ་དངངས་སྐྲག་གིས་བྲོས་པ་རེད། ཁོས་མགྱོགས་མྱུར་ངང་གོས་འཁྲུད་མཁན་ཞིག་གི་ཁང་པའི་ནང་འཛུལ། ཁོ་རང་ཉིད་ཡིབ་ཐབས་བྱེད་སྐབས། ཁྱི་སྤྱང་འདྲེད་བརྡར་ཤོར་བ་དང་། གོས་འཁྲུད་མཁན་གྱིས་གོས་ཚོས་རྒྱག་ཕྱིར་ཚོན་སྔོན་པོ་བླུགས་པའི་ཆུ་གཞོང་ནང་ ལྷུང་།
11
ཁྱི་ཡི་ཟུག་སྐད་རྒྱུན་ཆད་མ་ཐག ཁྱི་སྤྱང་གིས་ཆུ་གཞོང་ནས་ཕྱིར་མཐོན། ཁང་པའི་རྩིག་སྡེབ་ཏུ་ཤེལ་སྒོ་ཆེན་པོ་ཞིག་བཅངས་ཡོད་པ་རེད། ཁྱི་སྤྱང་གིས་རང་ཉིད་ཤེལ་སྒོའི་ནང་དུ་མཐོང་རྗེས། ཁོའི་གཟུགས་པོའི་ཚོན་མདོག་སྔོན་པོ་ཡིན་པར་ཧང་སངས་པ་རེད། ཁོས་ཁང་པའི་ཕྱིར་ཐོན་ཏེ། མགྱོགས་མྱུང་ངང་ནག་གསེབ་ཏུ་ཕྱིར་རྒྱུགས་ཕྱིན། ཁ་ཁུ་ཌར་མ་ནག་གསེབ་ཏུ་སླེབས་དུས། སེམས་ཅན་ཚང་མས་སྲོག་ཆགས་གསར་པ་འདི་ངོ་ཤེས་མ་ཐུབ་པ་རེད། དེ་ལས་ལྡོག་ཏེ། ཁོ་ཚོ་ཞེད་ཐག་ཆོད་ནས་ཕྱོགས་གང་སར་བྲོས་ཕྱིན།
jack_2ཁྱི་སྤྱང་གིས་གནས་སྟངས་དེ་ཁེ་ཕན་དུ་བླངས་ཏེ། གནས་སྟངས་དེ་ཁོ་རང་གི་ཕན་གྲོགས་སུ་ཉར་རྒྱུའི་འཆར་གཞི་གཏིང་པ་རེད། ཁོས་ ’ཁྱོད་ཚོ་ག་རེ་བྱས་ནས་འདི་ལྟར་བྲོས་བཞིན་ཡོད། དེར་འཇིགས་སྣང་སྐྱེད་དགོས་མེད། ང་ནི་དཀོན་མཆོག་གི་དམིགས་གསལ་བཟོས་པ་ཞིག་ཡིན། ཁོང་གིས་ནགས་ཚལ་འདིར་ཁྲིམས་མིན་འདུག་ཅེས་ང་ལ་གསུངས་པ་མ་ཟད། ཁོང་གིས་ང་རང་ཁྱོད་ཚོའི་རྒྱལ་པོར་བསྐོས་བྱུང་། ཁོང་གིས་ང་ལ་ཁ་ཁུ་ཌར་མ་ཞེས་མིང་བཏགས་ཏེ། ང་ལ་ནགས་ཚལ་འདིར་དབང་སྒྱུར་དགོས་ཤེས་བཀའ་གནང་སོང་། དེར་བརྟེན། ཁྱོད་ཚོ་ཚང་མ་ངའི་སྲུང་སྐྱོབ་འོག་ཉེན་མེད་དུ་འཚོ་ཆོག’ ཅེས་བཤད་པ་རེད།
བཅོས་ལྷད་མེད་པའི་སེམས་ཅན་དག་ཁྱི་སྤྱང་གི་མགོ་བདེ་པོར་ཡིད་ཆེས་ནས། ཁོ་རྒྱལ་པོར་ཁས་བླངས། ཁྱི་སྤྱང་གིས་སེང་གེ་ཁོའི་བློན་ཆེན་དང་། སྟག་ཁོའི་མཛོད་གཉེར། སྤྱང་ཀི་སྒོ་སྲུང་བཅས་སུ་བསྐོས་པ་རེད། སེམས་ཅན་ཚང་མ་གནས་སར་བགོ་བཤའ་བརྒྱབ་རྗེས། རྒྱལ་པོ་གསར་པ་ཁ་ཁུ་ཌར་མ་ཡིས་རང་ཉིད་ངོ་རྟགས་ཆོད་དོགས་ཀྱིས་ཁྱི་སྤྱང་ཚང་མ་ ནགས་ཚལ་ནས་རྒྱང་འབུད་བཏང་བ་རེད། ད་ནས། སེམས་ཅན་རྣམས་ཀྱིས་ཟས་རྔོན་ནས་རང་ཤེས་ཅན་གྱི་རྒྱལ་པོར་ཁྱེར་ཡོང་གི་ཡོད། ཁོའི་སྐལ་བ་ཁྱེར་རྗེས། རྒྱལ་པོས་ཟས་ལྷག་མ་རྣམས་ཁོ་པའི་མངའ་འོག་ཚང་མར་ཆ་སྙོམས་ཀྱིས་བགོ་ཡི་ཡོད། འདི་ལྟར། ཁོས་རྒྱས་སྤྲོས་ཀྱི་ཚོ་བར་ཞུགས་པ་རེད།
ཉིན་གཅིག། ཁྱི་སྤྱང་གིས་ཁོའི་ཁྱམས་རར་ལང་སྡད་བཞིན་པའི་སྐབས། ཁྱི་སྤྱང་ཁྱུ་ཞིག་གིས་ངུ་སྒྲ་སྒྲོག་བཞིན་མདུན་ཕྱོགས་ནས་ཕྱིན་པ་རེད། དེ་མ་ཐག་ཁྱི་སྤྱང་སྔོན་པོས་ཁོ་པ་རྒྱལ་པོ་ཡིན་པ་ལས་ཁྱི་སྤྱང་དཀྱུས་མ་ཞིག་ མིན་པ་བརྗེས་པ་རེད། ཁོ་པའི་རང་བཞིན་གྱི་བག་ཆགས་ལ་ཚོད་འཛིན་བྱེད་མ་ཐུབ་པར། ཁ་ཁུ་ཌར་མས་རང་གི་ངུ་སྒྲག་མཁའ་ལ་བསྒྲགས་པ་རེད། དེ་མ་ཉིད་དུ། སེམས་ཅན་རྣམས་ཀྱིས་ཁྱི་སྤྱང་གིས་ཁོ་ཚོར་མགོ་སྐོར་བཏང་ཡོད་པ་ཤེས་པ་རེད། སེམས་ཅན་ཚང་མ་ཁོང་ཁྲོ་རབ་ཏུ་འབར་ཏེ། དུས་གཅིག་ཏུ་ཁྱི་སྤྱང་ལ་རྡོག་རྒྱག་ཞུས་ཏེ་བསད་པ་རེད།

7/16/2014

ཆར་དུས་བསླེབས་སོང་།

ཆར་དུས་བསླེབས་སོང་
སྔོན་རྩའི་སྐོམ་པ་སེལ་བའི་དགའ་ལྷང་ལྷང་
ཆར་དུས་བསླེབས་སོང་
ཡུལ་ལྗོངས་ལ་སྣུམ་ཞག་ཚིལ་ཚིལ།
ཆར་དུས་བསླེབས་སོང་
གང་སར་ཆུ་མོའི་ཤང་ཤང་གི་དབྱངས་རྟ་ཆིལ་ཆིལ་
rain at Dharamsala
དྷ་སའི་ཆར་དུས་དང་སྤྲང་འཁྱམས་པ།
འོན་ཏེ། དྷ་རམ་ས་ལར
ཆར་དུས་བསླེབས་སོང་
ལམ་ཆུང་རྣམས་ཆུ་ཡུར་དུ་གྱུར་ཏེ་རྡོ་རུབ་རུབ་
ཆར་དུས་བསླེབས་སོང་
གོས་རྣམས་ལ་ཧམ་དྲི་ཐུལ་ཐུལ་
ཆར་དུས་བསླེབས་སོང་
ཁང་པའི་བརླན་བཤེར་གྱི་དྲི་ངན་གྱིས་མགོ་འཐོམ་འཐོམ་
དེས་ན་
ཆར་དུས་བསླེབས་སོང་
འདག་རྫས་མ་ཉོས་དྲི་ཞིམ་ཉོས་དང་
ཆར་དུས་བསླེབས་སོང་
ཀོ་ལྷམ་བཞག་སྟེ་སིལ་ལྷམ་གྱོན་དང་
ཆར་དུས་བསླེབས་སོང་
ཁ་པར་རུམ་དུ་བཅུག་སྟེ་ཆར་གདུགས་ལག་ཏུ་ཐོག་དང་
འདི་ནི་དྷ་སའི་ཆར་དུས་
ཐོ་སྒང་སྤྲང་འཁྱམས་པའི་འཚོ་བ་
རྒྱབ་ཕྱོགས་ཀྱི་གངས་རི་ལ་ཟུར་མིག་ཅིག་བལྟས་ཏེ་
ཧམ་དྲི་ཐུལ་ཐུལ་གྱི་ལྭ་བ་དེ་སླར་ཡང་གྱོན་རྗེས་ཁ་ཉིན་ཉོས་པའི་དྲི་ཞིམ་སྟེང་འོག་ཡོངས་ལ་ཐེངས་གཅིག་ལེགས་པར་གཏོར་པ་དང་
རེ་བ་ཞིག་གི་རྗེས་སུ་མུ་མཐུད་བཞུད་

ཕྱི་ལོ་ ༢༠༡༤ ལོའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་འཇར་མན་ཎི་ལ་ཐོབ་འདུག

ད་རང་ཞོགས་པ་ཚོུད་བཅུ་གཉིས་དང་ཕྱེད་ཀའི་ཐོག་རྒྱལ་སྤྱིའི་རྐང་རྩེད་སྤོ་ ལོའི་འགྲན་བསྡུར་གྱི་མཐའ་མའི་རྒྱལ་ཕམ་རྩེད་འགྲན་དེ་འགོ་བཙུགས་ཤིང་། དེའང་བཞད་མ་སྐད་གྲགས་ཅན་ཤཱ་ཀི་རཱ་སོགས་འགའ་ཞིག་གིས་ཁྲབ་སྟོན་དང་སྦྲགས་འགོ་ འཛུགས་ཞུས་འདུག
ཐེངས་འདིའི་མཐའ་མའི་རྩེད་འགྲན་པ་རྒྱལ་ཁབ་གཉིས་ནི་འཇར་མན་ཎི་དང་ཨར་འཇན་ ཊི་ནཱ་ཡིན་ཞིང་། རྩེད་འགྲན་པ་གཉིས་ཀྱིས་རྩེད་མོ་ཧ་ཅང་གི་འཁྲུག་པོ་རྩེད་ཡོད་པ་དང་། རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགྲན་ཚོགས་འདི་ལྟ་བུ་ལོ་ལྔ་རེར་ཐེངས་གཅིག་ ལས་འཚོགས་ཀྱི་མེད་པར་བརྟེན། རྩེད་རྭར་ཡོད་པ་དམངས་ཙམ་མ་ཟད་ཡུལ་ཕྱོགས་གང་ས་ནས་གཟུགས་མཐོང་བརྙན་འཕྲིན་ བརྒྱུད་དགའ་སྣང་དངས་སྐྲག་ཆེན་པོས་བལྟ་ཡི་ཡོད་ལ། སྐབས་རེར་ཁོ་ཚོས་རྩེད་མོ་བ་དང་དེ་འབྲེལ་གྱི་ལས་མི་དང་རྒྱལ་ཁབ་དེ་ཁོངས་ གཏོགས་ལས་ཀྱང་དགའ་འཚོར་དང་དངས་སྐྲག་སོགས་ཆེ་བ་བྱེད་པར་བསྣངས།
2405618_big-lnd
ཇར་མི་ཎི་ཡི་ཨང་གྲངས་བཅུ་དགུ་པ་མེ་རཱིཡ་གྷོ་ཛཱི།(Mario Goetze of Germany) 
ད་དུང་ཁོ་ཚོས་རང་ཉིད་ཀྱི་དཔལ་འབྱོར་གྱི་གནས་བབས་དང་བསྟུན་ཏེ་རང་སོ་སོའི་ དགའ་ཕྱོགས་སྟེང་རྒྱན་ཕྲན་བུའང་འཇོག་གི་ཡོད་ལ། རང་སོ་སོའི་གྲོགས་པོ་དང་ལས་རོག་སོགས་དེ་དགོང་དེར་མཉམ་འཛོམས་ཀྱིས་དམིགས་གསལ་ ཟ་མཐུང་གི་མཚན་ཚོགས་ཤིག་གོ་སྒྲིག་བྱས་ཏེ་རྩེད་མོ་དེར་བསུ་བ་དང་དགའ་སྐྱེལ་ བྱེད་མཁན་ཡང་མང་པོ་ཡོད། དེར་བརྟེན། བཟང་ཕྱོགས་ནས་བཤད་ན། སྙན་གྲགས་ཅན་གི་རྩེད་འགྲན་དེས་མི་དང་མི་བར་གྱི་མཐུན་འགྲིལ་དང་འབྲེལ་ལམ། རང་རང་གི་གནས་སྟངས་སོགས་ཕྱོགས་མང་པོ་ཞིག་ལ་ཕན་ཐོག་བསྐྲུན་གྱི་ཡོད་པ་གསལ་པོ་ ཡིན། འོན་ཀྱང་། ངན་ཕྱོགས་ཀྱང་མེད་པ་མིན་ནའང་དེ་ནི་ཧ་ཅང་ཆུང་ཆུང་དང་གནས་སྐབས་ཙམ་ཞིག་ཡིན་ ནའང་། མེ་སྟག་གཅིག་གིས་ཡུལ་ལུང་སྲེག་ཅེས་པའི་སྔར་གཏམ་བཞིན་མི་དང་མིའི་དབར་བསམ་ ཕྱོགས་མ་མཐུན་པ་དང་། ཚིག་བེད་སྤྱོད་བྱེད་སྟངས་མ་འགྲིག་པ། སེམས་གུ་ཡང་པོ་མེད་སོགས་ཀྱིས་མ་སྐྱིད་པའམ་རང་ཤི་རྒྱག་པ་ལྟ་བུ་ཕྲན་བུ་ཕྲན་ བུ་ཡོང་གི་ཡོད་ན། ང་ཚོས་རྩེད་འགྲན་ཚོགས་པའི་དམིགས་ཡུལ་དང་རྩེད་མོ་དེ་རིགས་ཀྱི་དགོས་དམིགས་ སོགས་སེམས་ལ་བཞགས་ཏེ་ལོངས་སུ་སྤྱོད་རྒྱུ་ཤིན་ཏུ་གལ་ཆེ།
གང་ལྟར། སྤྱི་ལོ་ ༢༠༡༤ ལོའི་རྐང་རྩེད་སྤོ་ལོའི་རྒྱལ་ཁ་དེ་འཇར་མན་ཎི་ལ་ཐོབ་ཡོད་ཅིང་། དེའང་རྩེད་མོའི་དུས་ཚོད་དངོས་ནང་རྒྱལ་ཕམ་དབྱེ་མ་ཐུབ་པར་དུས་ཚོད་འཕར་མའི་ནང་ ཇར་མི་ཎི་ཡི་ཨང་གྲངས་བཅུ་དགུ་པ་མེ་རཱིཡ་གྷོ་ཛཱི་ཡིས་མི་རྣམས་ཡིད་དབང་འཕྲོག་ དགོས་པའི་འཕྲེད་ནལ་གྱི་རྡོག་རྒྱག་གཅིག་གིས་སྤོ་ལོ་འཛུལ་ཏེ་མཐར་རྒྱལ་ཁ་འཇར་མན་ཎི་ལ་ཐོབ་འདུག

5/01/2014

༄༅། སངས་རྒྱས་བཅོམ་འདས་ཀྱི་གསུང་གི་བདུད་རྩི།

༄༅། སངས་རྒྱས་ཀྱི་གསུང་དབྱངས་ཀྱི་བདུད་རྩི་ལས་གྲུབ་པའི་ཚིག་གི་ཕྲེང་བཅད་ཅིག་ཡིད་ལ་ལྷག་པར་ཐད་བས། དབང་མེད་དུ་འབྲི་བར་ཐལ་བ་ནི་འདི་ལྟ་སྟེ།
འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མ་མེད་པ།
ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་།
འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ།
ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་ཏེ།
ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །

4/25/2014

ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་ཞུ།།



༸ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་ལགས།
མི་རིགས་ཀྱི་བླ་སྲོག་དང་འགྲེལ་བའི་ཁྱེད་ཉིིད།
དར་དམར་གྱི་སྡུག་རྩུབ་འོག་མི་རིགས་ལ་ཕྱོགས་པའི་ཁྱེད་ཀྱི་ཐུགས།
གང་དུ་ཡོད་དམ་་་་་
 གང་དུ་ཡོད་དམ།
དེ་རིང་ནི་ཁྱེད་ཉིད་ཀྱིས་དཀའ་སྡུག་ལ་ཞུམ་པ་མེད་པར་མི་རིགས་ཤིག་གི་ཡུལ་སྲོལ་གོམས་གཤིས་མི་ཉམ་སོར་གནས་དང་དུས་རབས་དང་འཚམས་པའི་རང་དབང་སླད་འཐབ་རྩོད་མུ་མཐུད་ཆེད་དང་། མདོར་ན་འགྲོ་བ་སྡུག་གི་རྒྱ་མཚོ་ལས་འགྲོལ་ཆེད་མཁའ་བའི་ལྗོངས་སུ་སླར་ཡང་སྐུ་བལྟམས་པའི་ཉིན་ཏེ། ཁྱེད་ཀྱི་འཁྲུངས་སྐར་ལ་བཀྲིས་སྨོན་ཚིག་ཞུ་བཞིན་མཆིས།
 ཁྱེད་ཉིད་ཀྱི་འཁྲུངས་སྐར་ལ་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
འོན་ཀྱང་དེ་དག་གི་ཞལ་རས་ལས་རྣམ་པ་གཉིས་དུས་གཅིག་ཏུ་མངོན་པ་ནི་དགའ་སྐྱོ་ཟུང་ཏུ་འབྲེལ་བ་དེ་རེད་ཡཱ།
༸ཀུན་གཟིགས་ལགས།
ལོ་ངོ་དེ་དག་ནང་ཁྱེད་ཉིད་ལ་དམར་པོ་རིང་ལུགས་ཀྱི་ལྟ་ངན་སོགས་བཅུག་ཐབས་བྱས་ཡོད་སྲིད་ཀྱང་། སྐུ་ཉིད་ནི་སྐྱེས་རབས་ནས་སྐྱེས་རབས་་བརྒྱུད་གཞན་ཕན་དང་བྱམས་བརྩེའི་བདུད་རྩིས་བྱང་བའི་སངས་རྒྱས་དངོས་ཏེ། ཤ་ལུས་ཚལ་བུར་འཐོར་ཀྱང་ལྟ་གྲུབ་འདི་དོར་མི་སྲིད་པ་འགྲོ་བ་ཡོངས་ལ་ཡིད་ཆེད་ཡོད།
འོན་ཏེ། ཁྱེད་གང་དུ་ཡོད་དམ་་་།
འགྲོ་བ་ཡོངས་ཀྱི་མུན་ནག་ལ་དཀར་གསལ་ཟླ་བ་དང་དྲོ་ཞིང་འཇམ་པའི་ཉི་འོད་གཉིས་ལྷན་འཛོམས་ཀྱིས་འགྲོ་བའི་མུན་པ་སལ་བར་རེ་འགུག་བྱེད་བཞིན་མཆིས།
བླ་མ་ལགས། ཁྱེད་ཀྱི་འཁྲུངས་སྐར་ལ་སླར་ཡང་འཚམས་དྲི་དང་སྦྲགས་མི་རིང་ལྷན་འཛོམས་ཡོང་བར་སྨོན་་་
དྲན་གདུང་གིས་མནར་བའི་མཐོ་སྒང་གི་སྤུན་ཟླས་ "ང་ཚོ་ཚང་མ་ཁ་བ་རི་བོའི་ལྗོངས་འདིར་སྐྱེས་པའི་ཤ་ཁྲག་གཅིག་པའི་མི་རིགས་ཤིག་ཡིན་ལ། ནང་པའི་ཆོས་ཀྱི་རྗེས་འབྲང་པ་ཤ་སྟག་ཡིན་པས། ང་ཚོས་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་དམ་ཟབ་བྱ་དགོས། མི་རིགས་རང་ཉིད་ཀྱི་སྐད་ཡིག་བརྒྱུད་འཛིན་དང་དར་སྤེལ་གཏོང་དགོས། ང་ཚོས་བོད་མི་རིགས་འདི་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ལྡན་པའི་འཛམ་གླིང་གི་མི་རིགས་གཞན་དག་དང་གཅིག་མཚུངས་ཡིན་པ་ལས་རྗེས་ལུས་ཀྱི་མི་རིགས་ཤིག་གཏན་ནས་མིན། མིའི་སྤྱི་ཚོགས་འཕེལ་རྒྱས་བྱུང་པའི་བརྒྱུད་རིམ་ཁྲོད་རང་རེའི་མེས་པོ་རྣམས་ཀྱིས་ཀྱང་འོད་སྟོང་འབར་པའི་བསལ་བློ་དང་དངོས་པོའི་དཔལ་ཡོན་གཞལ་དུ་མེད་པ་ཞིག་བསྐྲུན་ཡོད་པས། ང་ཚོ་བོད་རིགས་སློབ་མ་རྣམས་ཀྱིས་ངེས་པར་དུ་མི་རིགས་རང་ཉིད་ཀྱི་ལོ་རྒྱུས་དང་རིག་གཞུང་གཙོ་འཛིན་བྱེད་དགོས།" སོགས་ཁྱེད་ཀྱི་གསུང་གི་འདུད་རྩི་འདི་ཐེངས་ཤིག་དབང་མེད་དུ་བཀླགས་པར་ཐལ།          
 ༸པཎ་ཆེན་ལགས

4/20/2014

༄༅། ཕྲུ་གུ་ཆུང་ཆུང་གི་རི་མོའི་སྒྲུང་དེབ་རྩོམ་སྒྱུར་གྱི་རྨང་གཞིའི་འཆར་བཀོད་རབ་ཟིན་ཐུང་ངུ།


༡། རི་མོའི་སྒྲུང་དེབ་ཀྱི་རྨང་གཞིའི་རྩོམ་སྒྱུར་རྒྱུ་ཆ་ཕྱོགས་བསྡུ་དང་ལོ་ཚད་ཀྱི་ཚད་གཞི།

དེང་གི་ཕྲུ་གུའི་དགའ་ཞེན་དང་མཚམས་པའི་རི་མོའི་སྒྲུང་དེབ་དང་གཟུངས་མཐོང་རི་མོའི་སྒྲུང་ཕྱོགས་བསྡུས་བྱེད་དགོས། དེའི་ཆེད་དུ་བོད་སློབ་ཆེ་ཁག་འགའ་ཞིག་གི་དཔེ་མཛོད་ལས་སློབ་ཕྲུག་གིས་རི་མོའི་སྒྲུང་དེབ་མང་ཤོས་གང་དང་གང་གཡར་ཡོད་པའི་ཐོ་གཞུང་དང་། སློབ་ཕྲུག་རང་གི་དགའ་མོས་སོགས་ལ་མཉམ་ཞིབ་བྱ་དགོས་པ་དང་གཅིག། གཉིས་པ་གཟུངས་མཐོང་རི་མོའི་སྒྲུང་གང་དང་གང་བལྟ་བར་དགའ་མོས་ཡོད་པ་བཅས་ལ་ཉུང་ཐར་ཟླ་གཉིས་ལ་མཉམ་ཞིབ་བྱ་རྒྱུའི་ལས་གཞི་བརྩོམ་རྒྱུ་ནི་ལས་དོན་གལ་ཆེན་འདིའི་གོམ་པ་དང་པོ་དེ་ཡིན། གོང་གི་མཉམ་ཞིབ་ཀྱི་དོན་ཚན་གཉིས་པའི་བྱེད་ཕྱོགས་ནི། ཕྲུ་གུ་ལོ་ ༨ ནས་ ༡༥ བར་གྱི་ཕ་མ་རྣམས་ལ་རང་རང་གི་ཕྲུ་གུས་གཟུགས་མཐོང་རི་མོའི་སྒྲུང་གང་དང་གང་བལྟ་བར་དགའ་པོ་བྱེད་ཀྱི་ཡོད་སྐོར་བཀའ་འདྲི་བྱས་ཏེ། དགའ་མོས་བྱེད་ཡུལ་གྱི་རི་མའི་སྒྲུང་གི་མིང་དང་ཕྲུ་གུའི་ལོ་ཚད་བཅས་འབྲི་དགོས་པ་དང་། རི་མོའི་སྒྲུང་དེ་རིགས་ཀྱི་བརྙན་ཕབ་རག་ཐབས་ཀྱང་བྱེད་དགོས། ངས་འདིར་རི་མོའི་སྒྲུང་གི་མིང་དང་ཕྲུ་གུ་སོ་སོའི་ལོ་ཚད་འབྲི་དགོས་ཅེས་བཤད་དགོས་པ་ནི། རྗེས་སུ་ལོ་ཚད་དང་མཐུན་པར་རྩོམ་སྒྱུར་བྱེད་སྐབས་ཕན་ཐོག་ཆེན་པོ་ཡོང་ངེས། གང་ལ་ཞེས་ན། འདས་ཟིན་ལོ་གསུམ་གྱི་ཟབ་སྦྱོང་གི་རྒྱུད་རིམ་ནང་སློབ་མ་མང་པོ་ཞིག་དང་མཉམ་གཤིབ་ཀྱི་རྒྱུད་རིམ་དངོས་ནང་། 'སློབ་ཕྲུག་ལོ་ཚད་གཅིག་མཚུངས་ཀྱི་བསམ་བློའི་གོ་རྟོག་ལ་ཁྱད་པར་ཡོད་པའམ། ལོ་ཚད་ཀྱི་ཁྱད་པར་ཆེན་པོ་ཡོད་རུང་། ལོ་ཚད་ཆུང་བའི་བསམ་བློའི་གོ་རྟོག་མཐོ་བ་ཡོད་པ་'སོགས་ཀྱི་མཐོང་ཚུལ་བྱུང་མྱོང་། དཔེར་ན། གཟུགས་མཐོང་རི་མའི་སྒྲུང་(doreamon is a Japanese manga series created by Fujiko Fujio) ལྟ་བུ་ནི་ཕྲུ་གུ་ལོ་ ༤ ནས་ ༡༤ བར་གྱི་བསམ་བློའི་གོ་རྟོག་གཞིར་གཟུང་ཡོད་པ་དང་། (Power Ranger-4 to 11 intro - YouTube. Subscribe 1,623. Top CommentsPower Rangers is a long-running American entertainment and merchandising franchise built around a live action children's television series, Tarzan-10 to 12 age group etcs) ལྟ་བུ་ནི་ལོ་ ༧ ནས་ ༡༥ བར་གྱི་ཕྲུ་གུ་(བུར་དམིགས་པ།)ལ་དམིགས་པ་ཡིན་རུང་། ང་ཚོ་སྤྱི་ཚོགས་ནང་ཕྲུ་གུའི་ལོ་ཚད་ལ་སྤག་པའི་དགའ་ཞེན་དང་བསམ་བློའི་གོ་རྟོག་རྒྱ་གར་གྱི་བརྟན་འབེབས་ལོ་ཚད་དང་ཞིབ་བསྡུར་བྱས་ན་ཁྱད་གང་ཙམ་ཡོད། དེར་བརྟེན། ལོ་ཚད་གཞི་རྩར་བྱས་ཏེ་རྩོམ་སྒྱུར་ཚད་གཞི་བརྟན་འབེབ་བྱེད་དགོས།
༢། སྒྲུང་རྩོམ་གྱི་གནས་རིམ་གཏན་འབེབ་དང་རྩོམ་སྒྱུར་གྱི་ལས་གཞི་དངོས།
བྱིས་སྒྲུང་གི་རྒྱུ་ཆ་གང་ཞིག་གཏན་འབེབ་བྱས་རུང་དེར་ངེས་པར་དུ་ཚང་དགོས་པའི་ནང་དོན་གལ་ཆེ་འགའ་ཞིག་ཡོད་དེ། དང་པོ། ནང་དོན་གོ་སླ་ཞིང་། གནས་འབབ་གང་འདྲ་ཞིག་གླེང་རུང་དེ་རང་དུ་ཡག་སྡུག་གི་མཇུག་སྡོམ་དངོན་རྒྱུ་ཡོད་པ་དང་། གཉིས་པ། སྒྲུང་ཐུང་ཞིང་། སྒྱུ་འཕྲུལ་གྱི་ཉམས་ལྡན་དགོས། འོན་ཀྱང་། ཚིག་རྒྱན་རྣམས་ཕྲུ་གུ་གང་དེའི་ལོ་ཚད་དང་མཚམས་པ་མ་ཟད། འཚོ་བ་དངོས་ནང་མཐོང་ཐོས་སྤྱོད་གསུམ་དང་ཐག་གང་ཉེ་བྱེད་ཐུབ་པ་བཅས་ཚང་དགོས། མདོར་ན། སྒྲུང་འགོ་བཙུགས་པ་དང་རྨི་ལམ་གྱི་ཞིང་དུ་ཁྲིད་ཐུབ་པ་བྱེད་དགོས་པ་དང་། རྨིན་ལམ་གྱི་ཞིང་ནས་ཕྱིར་ལོག་མ་ཐུབ་སྔོན་ནས་སྒྲུང་རྫོགས་པའི་རྒྱུ་རྩལ་ལྡན་དགོས།
གོང་གི་མ་གཞི་གཉིས་རྩ་བར་འཛིན་ཏེ་སྒྱུར་རྩོམ་གྱི་ཁ་ཕྱོགས་དང་ཚད་འཛིན་གཏན་འབེབ་བྱེད་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཉམས་ཞིབ་ཀྱི་འགྲུབ་འབྲས་ལ་ཞིབ་ཏེ་ནང་དོན་རྒྱུ་ཆ་འདེམས་སྒྲུགས་ཀྱིས་སྒྲུང་རྩོམ་གྱི་ལས་གཞི་དངོས་སུ་འགོ་འཛུགས་དགོས། དེའང་རྩོམ་སྒྲིག་སྐབས་རྩོམ་པོ་རང་ཉིད་ཀྱི་རྩོམ་སྒྱུར་གྱི་བྱང་ཆ་སྟོན་རྒྱུ་མ་ཡིན་པར། རང་ཉིད་ལས་དྲུང་ཞིག་ཡིན་པ་དང་། ཕྲུ་གུ་ཞིག་(བྱེས་སྒྱུང་དེ་དང་མཚམས་པའི་ཕྲུ་གུ་)གིས་ཡིད་དབང་རབ་ཏུ་ཕྲོ་བཞིན་ཡ་མཚན་ཅན་གྱི་རྨིན་ལམ་ཞིག་བཤད་བཞིན་པ་དེ་ཟིན་བྲིས་འདེབས་ཀྱི་ཡོད་པའི་འཚོར་སྣང་ཞིག་གི་ཐོག་ནས་རྩོམ་སྒྱུར་བྱེད་དགོས་པ་མ་ཟད། རྩོམ་པ་པོ་རང་ཉིད་བྱིས་པ་དེ་རིགས་དང་མཉམ་དུ་རྩེད་མོ་རྩེ་དགོས་ལ་ཕན་ཚུན་སྒྲུང་ཐུང་བཤད་རེས་ཀྱང་བྱེད་པའི་རྣམ་སྤྱོད་ཀྱི་རྩལ་ལྡན་དགོས།
ཕྱི་གླིང་པའི་བྱིས་སྒྲུང་ཞིག་སྒྱུར་གྱི་ཡོད་ན། སྒྲུང་རྩོམ་དེའི་ནང་གང་ཡོད་ཇི་མ་ཇི་བཞིན་ཕབ་བསྒྱུར་བྱ་རྒྱུ་དེ་གལ་ཆེ་མ་ཡིན་པར་དེའི་ནང་མི་རིགས་རང་ཉིད་ཀྱི་ཆོས་དང་རིག་གཞུང་ཡུལ་སྲོལ་གོམ་གཤིས་གང་མང་བསྣན་ཐབས་བྱ་རྒྱུ་དང་སྤྱི་ཚོགས་དེའི་བྱིས་པར་དགོས་མཁོ་མ་ཕྱིས་པའམ་མ་རན་པའི་ཁྱད་ཆོད་རིགས་མེད་པ་བཟོ་ཐབས་ལ་འབད་བརྩོན་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། དཔེ་མཚོན་ཐག་རིང་པོར་བཞག་མ་དགོས་པར་ང་ཚོ་སྐྱབས་བཅོལ་གནས་ཡུལ་གྱི་རྒྱ་གར་རང་ཉིད་ཀྱི་རི་མོའི་སྒྲུང་དེབ་བམ་རི་མོའི་གཟུགས་མཐོང་སྒྲུང་སོགས་ལས་གསལ་རྟོགས་ཐུབ།
སྲུལ་རྒྱུན་རིག་གཞུང་ངམ་མི་རིགས་རང་ཉིད་ཀྱི་ལྷ་སྒྲུང་རིགས་བྱིས་སྒྲུང་ངམ་བྱིས་པའི་རི་མོའི་སྒྲུང་དེབ་ཏུ་སྒྲིག་སྦྱོར་བྱ་རྒྱུ་ཡིན་ན། དེ་དག་ད་ལྟའི་སྤྱི་ཚོགས་ཀྱི་ཕྲུ་གུའི་རྒྱུན་གཤིས་དང་མཚམས་པར་བྱེད་དགོས་པ་མ་ཟད། སྲུལ་རྒྱུན་རིག་གཞུང་གི་བསླབ་བྱའམ་ལྷ་སྒྲུང་གི་གླེང་གཞི་མ་བརླག་པར། དེ་དག་མཁུ་བསྡུས་ཤིང་། གོ་སླ་བ་དང་། དུས་རབས་འདིའི་རྣམ་པ་དང་ལྡན་ན། རང་བཞིན་གྱིས་བྱིས་པར་རྨི་ལམ་ཞིག་རྨིས་ཏེ། དེ་ལྟ་བུའི་ཁོར་ཡུག་ཅིག་ལེ་བར་འགའ་ཞིག་གི་ཕ་རོལ་ན་མེད་དམ་མཉམ་པའི་འཚོར་བ་སྟེར་ནུས། དཔེར་ན། རྒྱ་གར་གྱི་ལྷ་སྒྱུང་ཧཱ་ནུམན(Hanuman) གྱི་བྱིས་སྒྱུང་རི་མོ་དང་གཟུགས་མཐོང་གཉིས་ཁར་བཟོས་པ་ཁག་ཅིག་གི་རྒྱུ་རྩལ་ནི་དེང་དུས་ཀྱི་བྱིས་པའི་བསམ་བློ་དང་མཐུན་པ་མ་ཟད། གོ་སླ་བའི་བསླབ་བྱ་དང་། གཞི་རྩའི་རྒྱ་གར་མི་རིགས་རང་ཉིད་ཀྱི་སྲོལ་རྒྱུན་དང་ལྡན་པ་དེ་རིགས་ནི་ང་ཚོའི་དཔྱད་གཞིར་འོས་པར་མཐོང་།
༣། ཚོད་བལྟ་དང་ནུས་པ།
དེ་ལྟར་རི་མོ་སྒྲུང་དེབ་རྩོམ་སྒྱུར་བྱས་ཟིན་འཚམས་སློབ་གྲྭ་ཁག་ཅིག་ལ་ཚོད་བལྟ་བྱ་རྒྱུ་དེ་ཡིན། དེའང་སློབ་ཕྲུག་གིས་རི་མོའི་སྒྲུང་རྩོམ་དེ་དག་ག་ཚོད་ཅིག་ཀློག་གི་ཡོད་པ་ཙམ་མ་ཟད། སྒྲུང་དེ་རིགས་ལ་ཐོག་མའི་དགའ་ཞེན་ཇི་ཙམ་ཡོད་པ་དང་། དེ་དག་གི་སྙིང་དོན་ཇི་ཙམ་བཏོགས་ཡོད་པ། དེས་བསླབ་བྱ་གང་སྤྲད་ཡོད་པ་བཅས་ལྟ་ཞིབ་བྱེད་དགོས། གོང་གི་དཔྱད་གཞི་རོབ་བསྡུས་དེ་དག་ལས་ང་ཚོའི་ཐེངས་དང་པོའི་རི་མོའི་སྒྲུང་དེབ་ཀྱི་ལེགས་རྐྱོན་གཉིས་མཐོང་ཐུབ། དེས་ང་ཚོས་ཐེངས་གཉིས་པའི་ལས་རིམ་གྱི་ལམ་བུ་གང་ལས་མུ་མཐུད་མདུན་བསྐྱོད་བྱེད་དགོས་པ་དང་། གོམ་སྔོན་ཏུ་སྤོ་རྒྱུར་སློབ་སྟོན་སྤྲོད་ངེས། དེ་ནི་ཤེས་ཡོན་གྱི་མདོངས་མཆོངས་དངོས་ཡིན་ལ། ང་ཚོའི་མི་རིགས་སྐད་ཡིག་གོང་སྤེལ་ཙམ་མ་ཟད། དེའི་ཁྱབ་ཚད་རྒྱ་ཆེར་གཏང་རྒྱུའི་ལམ་བུ་སྣ་ཚོགས་ཡོད་པ་ལས་གནས་འབབ་དང་མཚམས་པའི་ཐབས་ལམ་ཞིག་ཡིན། (རྗེས་མའི་ནང་མུ་མཐུད་རྒྱུ།)